
#༄༅།།སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་ཚུལ་མདོར་བསྡུས་ན། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་གཞན་ཕན་གཉིས་སུ་འདུས། རྟེན་འབྱུང་གི་དོན་ནི། སྣང་སྲིད་ཀྱི་དངོས་བོ་ཐམས་ཅད་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཤ་སྟག་ལས། རྒྱུ་རྐྱེན་ལ་མ་བརྟེན་པར་རང་དབང་གིས་གྲུབ་པ་གཏན་ནས་མེད་པའི་གནད་ཀྱིས་རྒྱུ་བཟང་ངན་ཇི་འདྲ་ཞིག་བསགས་ཀྱང་འབྲས་བུ་བདེ་སྡུག་ཅུང་ཟད་ཀྱང་མི་འཆོར་བར་འབྱུང་ངེས་པས་ན། བདག་ལེགས་སུ་འདོད་ཕྱིན་སྡིག་སྤོང་དགེ་སྒྲུབ་མི་བྱ་ཐབས་མེད་ཡིན།དེ་ལྟར་ལྟ་སྤྱོད་གྱི་ལམ་ཐབས་ཤེས་གཉིས་འགལ་མེད་ཟུང་འབྲེལ་དུ་ཉམས་སུ་བླངས་ཏེ་གོམས་པ་མཐར་ཕྱིན་པ་ན། འབྲས་བུ་སྐུ་ཐུགས་ཟུང་འཇུག་གི་གོ་འཕང་གདོན་མི་ཟ་བར་ཐོབ་པར་འགྱུར་བ་ཡིན་ནོ། ༧ཤཱཀྱའི་དགེ་སློང་ཤཱ་ས་ན་དྷ་ར་ས་མུ་དྲས་༡༩༨༥ཟླ༥ཚེས༥།